Read the English version and the Chinese versions (traditional and simplified).
ད་ལྟའི་ཆར་ཨ་རི་དང་དབྱིན་ཡུལ། ཀེ་ན་ཊའི་རྒྱལ་ཁབ་ལ་གནས་སྡོད་ང་ཚོ་ཧོང་ཀོང་མི་རིགས་དང་བོད་རིགས་ཁག་ཅིག་ནས། ཨི་སི་རལ་རྒྱལ་ཁབ་ཀྱིས་པེ་ལིསི་ཊིན་ལ་མི་རིགས་དབྱེ་དབྱེད་དང་གཞིས་གསར་འཛུགས་སྐྲུན། ད་དུང་མི་སེར་གསར་སྤེལ་ལམ་ནས་དབང་སྒྱུར་བྱེད་བཞིན་པ་དེར་མཐའ་གཅིག་ཏུ་ངོ་རྒོལ་དང་པེ་ལིསི་ཊིན་རྒྱལ་ཁབ་ཀྱི་རང་དབང་སླར་གསོའི་ལས་འགུལ་ལ་རྒྱབ་སྐྱོར་ཞུ་གི་ཡོད། དེ་དང་མཉམ་དུ་ང་ཚོས་ཨ་རི་དང་དབྱིན་ཡུལ། ཀེ་ན་ཊའི་སྲིད་གཞུང་གིས་ཨི་སི་རལ་ལ་དམག་ཐོག་ནས་རོགས་སྐྱོར་ཞུ་རྒྱུར་ཕྱིར་འཐེན་དང་ད་ལྟ་ཨི་སི་རལ་གྱིས་གྷ་ཛར་ (Gaza)
མུ་མཐུད་དྲག་གནོན་གྱིས་མི་རིགས་རྩ་མེད་བཟོ་རྒྱུའི་སྟ་གོན་བྱེད་བཞིན་པ་འདི་མཚམས་འཇོག་བྱེད་དགོས་པའི་དགོས་འདུན་གདོན་རྒྱུར་འབོད་སྐུལ་ཞུ་ཡི་ཡོད་ལ། འཛམ་གླིང་གི་ས་ཕྱོགས་གང་སར་གནས་སྡོད་བྱེད་བཞིན་པའི་ང་ཚོ་ཡུལ་གྱར་བའི་སྤུན་ཟླ་ཚང་མས་པེ་ལིསི་ཊིན་རྒྱལ་ཁབ་གྱི་རང་དབང་སླར་གསོའི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཞུ་རྒྱུའི་རེ་སྐུལ་ཞུ་བཞིན་ཡོད།
ད་ལན་ང་ཚོས་རྒྱལ་ཁབ་སོ་སོའི་བཙན་གནོན་དང་གདུག་རྩུབ་ཀྱི་མྱོང་བ་དག་ལ་བརྩི་བཀུར་ཞུས་པའི་ཐོག་ནས་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ནའང་། འདིར་གསལ་འདེབས་ཞུ་དགོས་པ་ཞིག་ལ་འཛམ་གླིང་ནང་དབང་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་སུ་འདྲ་ཞིག་ཡིན་རུང་། ཕལ་ཆེ་བས་དབང་སྒྱུར་བྱེད་སྟངས་ཀྱི་ཐབས་ལམ་གཅིག་པ་ལྟ་བུ་བེད་སྤྱོད་བྱེད་ཀྱི་ཡོད། དཔེར་ན། རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་ཉེན་རྟོག་པའི་སློབ་གྲྭ་ཆེན་མོ་ནས་འདོན་སྤེལ་བྱས་པའི་ཡིག་ཆ་ལྟར་ན། ཨི་སི་རལ་སྲིད་གཞུང་གིས་ངོ་རྒོལ་བྱེད་མཁན་ཚང་མར་འཇིགས་སྐུལ་བར་བསྙད་དེ་དྲག་གནོན་བྱེད་བཞིན་པའི་ཐབས་བྱུས་དེར་སློབ་སྦྱང་བྱེད་ནས། ཐབས་ལམ་དེ་དག་ཤར་ཏུར་ཀི་སི་ཐན་ལ་ལག་བསྟར་བྱེད་དགོས་པའི་སྐུལ་མ་བཏང་ཡོད་པ་དང་། ཡང་རྒྱ་ནག་གྲངས་ཉུང་མི་རིགས་ཀྱི་འབྲེལ་དོན་ཚན་པའི་སྤྱི་ཁྱབ་འགན་འཛིན་ནས་ཀྱང་ཡུ་གུར་དང་བོད་ཀྱི་ས་ཁུལ་དག་ལ་དབང་སྒྱུར་བྱེད་དུས། ཨི་སི་རལ་གྱིས་གཞིས་གསར་འཛུགས་སྐྲུན་གྱི་ཐབས་བྱུས་དང་འདས་པའི་ལོ་རྒྱུས་ནང་ཨ་རི་དང་ར་ཤི་ཡའི་མངའ་ཁོངས་རྒྱ་སྐྱེད་བྱེད་སྟངས་སོགས་ལ་སློབ་སྦྱོང་བྱེད་དགོས་པའི་བསམ་ཚུལ་བརྗོད་ཡོད། དེར་བརྟེན་ང་ཚོར་བཙན་གནོན་དང་དབང་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་དེ་ཚོས་ཕན་ཚུན་བར་དབང་སྒྱུར་བྱེད་སྟངས་ཀྱི་ཐབས་བྱུས་དང་འབྲེལ་བའི་ལེགས་ཆ་ལེན་རེས་བྱེད་དུས། ང་ཚོ་སྡུག་རྩུབ་མྱོང་མཁན་དང་དབང་སྒྱུར་བྱེད་ཡུལ་དུ་འགྱུར་བའི་རྒྱལ་ཁབ་ཚང་མས་ཕན་ཚུན་བར་བསམ་ཤེས་དང་གདུང་སེམས་མཉམ་བསྐྱེད་བྱ་རྒྱུ་དེ་ནི་ཧ་ཅང་གལ་ཆེན་པོ་ཆགས་ཀྱི་ཡོད་ལ། ང་ཚོ་ཧོང་ཀོང་དང་བོད་རིགས་མི་མང་རྣམས་ནས་ཀྱང་གོང་གི་གནས་སྟངས་དེ་ཚོར་བལྟས་ནས། ད་ལྟ་པེ་ལིསི་ཊིན་ལ་འཕྲད་བཞིན་པའི་དཀའ་ངལ་དེ་ཚོའི་རྒྱབ་ལྗོངས་ཀྱི་གནས་བབ་དང་ལོ་རྒྱུས་རྣམས་ཤེས་རྒྱུ་གལ་ཆེན་ཆགས་ཡོད།
པེ་ལིསི་ཊིན་ནང་ཡོད་པའི་བིར་ཛིཊ་སློབ་གྲྭ་ཆེན་མོའི་ (Birzeit University) དགེ་རྒན་དང་ལས་བྱེད་མཐུན་ཚོགས་
ཀྱིས། “ང་ཚོས་འགོག་རྒོལ་བྱ་རྒྱུ་དེ། ང་ཚོའི་ཐོབ་ཐང་རེད་ཅེས་བཤད་དགོས་དོན་མི་འདུག་ལ། འདི་ནི་ཐོབ་ཐང་ཙམ་མ་ཡིན་པར་པེ་ལིསི་ཊིན་མི་མང་རྣམས་ཀྱི་འཚོ་བ་རོལ་སྟངས་དང་གསོན་གནས་ལ་འདུག་ཐབས་ཤིག་ཡིན་” ཞེས་བརྗོད་ཡོད་པ་དང་། ཡང་ “དབང་སྒྱུར་བྱེད་མཁན་དང་བྱ་ཡུལ་གཉིས་བར་གྱི་ཡག་ཉེས་གཅིག་མཚུངས་ལྟ་བུར་ངོས་འཛིན་བྱེད་ན་འགྲིག་ཐབས་ཡེ་ནས་མེད་པའི་” ཡོངས་ཁྱབ་གསལ་བསྒྲགས་སྤེལ་ཡོད། ད་ལྟ་གྷ་ཛ་ནང་འཕྲད་བཞིན་པའི་དཀའ་རྙོག་དེ་ཚོའི་སྐོར་ལ་འཛམ་གླིང་གི་གསར་ཁང་ཆེ་གྲས་ཚོས་གསར་འགྱུར་བརྒྱུད་བསྒྲགས་གང་འདྲ་ཞིག་བྱེད་ཀྱིན་ཡོད་ནའང་།ང་ཚོ་ཚང་མས་གསལ་པོར་ཤེས་དགོས་པ་ཞིག་ལ། ད་ལྟའི་དཀའ་རྙོག་འདི་ནི་དམག་དོན་དང་དཔལ་འབྱོར་སོགས་གཅིག་མཚུངས་ཡིན་པའི་རྒྱལ་ཁབ་གཉིས་བར་གྱི་འཐབ་རྩོད་ཅིག་ནམ་ཡང་མ་ཡིན་ལ། དམིགས་བསལ་ད་ལྟའི་དོན་རྐྱེན་འདི་ནི། པེ་ལིསི་ཊིན་གྱིས་རྒྱུ་མཚན་གང་ཡང་མེད་པར་ཨི་སི་རལ་རྒྱལ་ཁབ་ལ་དྲག་རྒོལ་བྱས་པ་བརྟེན་ནས་བྱུང་བ་ཞིག་ཁྱོན་ནས་མིན། འདས་པའི་ལོ་ངོ་བདུན་ཅུ་དོན་ལྔ་ཙམ་གྱི་རིང་། འཛམ་གླིང་གི་སྟོབས་ཆེན་རྒྱལ་ཁབ་མང་པོ་ཞིག་གི་རྒྱབ་སྐྱོར་འོག་ཨི་སི་རིལ་གྱིས་དྲག་གནོན་ལ་བརྟེན་ནས་པེ་ལིསི་ཊིན་མི་མང་རྣམས་རང་ས་རང་ཡུལ་ནས་བྲལ་དགོས་བྱུང་ཡོད་ལ། ཨི་སི་རིལ་དྲག་དམག་གི་བཙན་གནོན་དང་སོ་སོར་བདག་པའི་ས་ཁོངས་ནས་བྲལ་དགོས་བྱུང་བའི་ལོ་རྒྱུས་དེ་དག་ད་དུང་ཡང་པེ་ལིསི་ཊིན་མི་མང་ཐུན་མོང་གི་དྲན་པར་‘ནག་པ་’(Nakba) ཞེས་ལོ་རྒྱུས་ཀྱི་ཆག་སྒོ་ཆེན་མོ་ཞིག་ལ་བརྩིས་ནས་དྲན་གསོ་བྱེད་ཀྱི་ཡོད། མདོར་ན་ཨི་སི་རལ་གྱིས་དངོས་ཤུགས་བརྒྱུད་གསུམ་ནས་པེ་ལིསི་ཊིན་གྱི་སྤྱི་ཚོགས་ཀྱི་བདེ་སྡུག་དང་འབྲེལ་བའི་ཚོགས་པ་མང་པོ་ཞིག་རྩ་མེད་བཟོས་ནས་རིམ་པས་ཁོ་ཚོའི་ས་ཁོངས་རྣམས་བཙན་ཕྲོག་བྱས་ཡོད།
ད་ལྟ་གྷ་ཛ་ལ་གཏོར་སྐྱོན་ཤུགས་ཆེན་པོ་འབྱུང་བཞིན་པའི་གནས་སྟངས་དེ་ཚོ་ལས་ང་ཚོས་གསལ་པོར་ཤེས་ཐུབ་པ་ཞིག་
ནི། ཨི་སི་རལ་གྱིས་པེ་ལིསི་ཊིན་ལ་དབང་སྒྱུར་བྱ་རྒྱུར་སྟོབས་ཤུགས་ཇི་ཙམ་ཞིག་ཡོད་མེད་ཚོད་བགམ་བྱེད་ཐུབ་ལ།
ད་ལྟའི་ཆར་ཨི་སི་རལ་གྱི་དབང་འཛིན་པ་ཚོས་ཧ་མསི་ཡི་དོན་རྐྱེན་ (Hamas’s attack) བྱུང་ཚར་བའི་རྗེས་ནས་
གྷ་ཛར་བཟའ་བཅའ་དང་སྣུམ། ཆུ། གློག་སོགས་གཞི་རྩའི་མཐུན་རྐྱེན་མང་པོ་ཞིག་བཀག་སྡོམ་བྱས་ཡོད་ལ། དམིགས་བསལ་སྨན་ཁང་དང་སློབ་གྲྭ །སྡོད་ཁྱིམ་སོགས་ལ་འབར་རྗས་གཡུགས་ནས་གཏོར་སྐྱོན་དང་། མི་མང་ཁྱོན་ཆེན་གནས་སྡོད་བྱེད་སའི་ས་ཆ་དག་ལ་པོ་སི་པོ་རསི་དཀར་པོའི་འབར་རྫས་ (White Phosphorus) གཡུགས་པ་དེ་དག་ནི། རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་གི་སྒྲིག་ཁྲིམས་དང་འགལ་གྱི་ཡོད། གོང་གི་གནས་སྟངས་དེ་ཚོ་དང་འབྲེལ་ནས་ཇེའུ་མི་རིགས་སྡེབ་གསོད་ཆེན་མོའི་ལོ་རྒྱུས་ཀྱི་ཆེད་མཁས་པ་དང་ཨི་སི་རལ་གྱི་མི་སེར་ཡིན་པ་རཛི་སེ་གལ་ལགས་ནས། “ཨི་སི་རལ་གྱིས་འཛམ་གླིང་མི་མང་ཚོའི་མིག་མདུན་དུ་པེ་ལིསི་ཊིན་མི་རིགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འཁྱེར་ནས་གྷ་ཛར་དྲག་པོའི་དམག་གིས་དཔུང་འཇུག་བྱས་པ་འདི་ནི་མངོན་གསལ་དོད་པོ་དང་ངོ་ཚ་མེད་པའི་བྱེད་སྟངས་ཤིག་ཆགས་ཀྱི་
ཡོད་” ཅེས་བརྗོད་ཡོད།
ཨི་སི་རལ་གྱིས་ད་དུང་ཡང་གྷ་ཛར་མུ་མཐུད་དམག་འཐབ་བྱེད་བཞིན་པ་དེའི་རྐྱེན་པས། པེ་ལིསི་ཊིན་མི་མང་སྟོང་ཕྲག་
མང་པོའི་གཞི་རྩའི་སྡོད་ཁྱིམ་ཡང་མེད་པར་འགྱུར་ནས། བརྒྱ་ཕྲག་མང་པོ་དམར་གསོད་དང་ཉིན་རེ་བཞིན་མི་མང་སྟོང་ཕྲག་མང་པོར་རྨས་སྐྱོན་ཕོག་ཡོད་ལ། པེ་ལིསི་ཊིན་མི་རིགས་ས་ཡ་མང་པོར་ཉིན་གཅིག་ཙམ་གྱི་དུས་ཡུན་ཡང་མི་སྟེར་བར་བྱང་ནས་ལྷོ་གྷ་ཛ་བར་གནས་སྤོས་བྱེད་དགོས་པའི་བཀོད་མངགས་གཏོང་ཞིང་། རྗེས་སོར་ཉེན་ཡོལ་བྱེད་སའི་བརྒྱུད་ལམ་དང་དམག་འཐབ་བྱེད་མི་ཆོག་པའི་ས་ཚིགས་རང་ལ་འབར་རྫས་གཡུགས་པ་སོགས་པེ་ལིསི་ཊིན་མི་རིགས་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འཁྱེར་ནས་གྷ་ཛར་དྲག་པོས་དཔུང་འཇུག་བྱས་ཡོད་པས། འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ནས་ “ཨི་སི་རལ་གྱིས་ད་ལྟའི་བྱེད་སྟངས་འདི་ཡིས་འགྲོ་བ་མི་རིགས་ལ་གྱོང་གུད་ཚབས་ཆེན་ཕོག་རྒྱུ་ཡིན་པའི་”སྐྱོན་བརྗོད་བྱས་ཡོད་ལ། “དམག་འཁྲུག་དེའི་ཁྲོད་རྒན་རྒོན་དང་རྨས་སྐྱོན་ཕོག་པ། དབང་པོ་སྐྱོན་ཅན་དུ་འགྱུར་བ། ཉེན་ཡོལ་ས་ཚིགས་སོགས་ལ་བྲོས་བྱོལ་བྱེད་མི་ཐུབ་པ་ཚང་མར་མྱ་ངན་ཞུ་གི་ཡོད་”ཅེས་བརྗོད་ཡོད།
འདིར་ནན་ཏན་དུ་ཞུ་དགོས་པ་ཞིག་ནི། ང་ཚོ་ཧོང་ཀོང་བ་དང་བོད་རིགས་རྣམས་ནས་མི་སེར་གསར་སྤེལ་དང་མི་རིགས་
དབྱེ་དབྱེད་ཀྱི་ཐོག་ནས་དབང་སྒྱུར་བྱས་པའི་བཙན་གནོན་དང་མནར་གཅོད་ཀྱི་ལོ་རྒྱུས་རིང་མོ་དེ་ཚོ་ཤེས་པའི་ཐོག་
ནས་པི་ལིསི་ཊིན་མི་མང་ལ་གདུང་སེམས་མཉམ་བསྐྱེད་ཞུ་བཞིན་ཡོད་ལ། ད་ལྟའི་ཨི་སི་རིལ་གྱིས་མི་སེར་གསར་སྤེལ་གྱི་
དབང་སྒྱུར་དང་དྲག་སྤྱོད་ལ་བརྟེན་ནས། རྒྱལ་ཁབ་ནང་ལོགས་དང་ཕྱི་ལོགས་གཉིས་ཀར་དཀའ་སྡུག་མྱོང་མཁན་གྱི་མི་མང་ཚང་མར་ཡང་གདུང་སེམས་མཉམ་བསྐྱེད་ཞུ་གི་ཡོད། ཨི་སི་རལ་དང་དེའི་ཕྱོགས་གཏོགས་ཀྱི་རྒྱལ་ཁབ་དེ་ཚོས་ག་དུས་ཡིན་ནའང་པེ་ལིསི་ཊིན་གྱི་མི་རིགས་འདི་རྩ་མེད་བཟོ་རྒྱུའི་དམིགས་ཡུལ་འཁྱེར་ནས། ཁོ་ཚོས་འཚེ་མེད་ཞི་བའི་
ཐབས་ལམ་གྱི་ཐོག་ནས་སྤེལ་བའི་ལས་འགུལ་རྣམས་བཀག་སྡོམ་དང་ད་དུང་ཡང་མུ་མཐུད་དྲག་སྤྱོད་ལ་བརྟེན་ནས་
འབུར་འཇོམས་བྱེད་བཞིན་པའི་གནས་སྟངས་དེའི་དབང་གིས་ད་ལྟའི་གནས་ཚུལ་འདི་ང་ཚོའི་མིག་མདུན་དུ་ལྷག་ཡོད།
ང་ཚོས་སོ་སོའི་རྒྱལ་ཁབ་གྱི་རང་དབང་འཐབ་རྩོད་དོན་དུ་ལས་འགུལ་སྐོར་ཞིག་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་
སྤེལ་བཞིན་ཡོད་ལ། ང་ཚོས་འཐབ་རྩོད་བྱེད་སྟངས་མི་འདྲ་བའི་ལས་འགུལ་དེ་ཚོར་ཡང་བརྩི་འཇོག་ཞུ་གིན་ཡོད།
ཕྱོགས་གཅིག་ནས་བཤད་ན། དེ་ཚོ་ནི་རྗེས་སོར་ང་ཚོའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་རིོང་མོའི་ལེའུ་གལ་ཆེན་ཞིག་
ཆགས་ཀྱི་ཡོད། དུས་རྒྱུན་གཞི་རྩའི་རང་དབང་དང་ཐོབ་ཐང་གལ་ཆེན་ཡིན་ཞེས་བཤད་མཁན་ཚོས་འཚེ་མེད་ཞི་བའི་
ལྟ་གྲུབ་ཁ་ལ་འཁྱེར་ནས།རྒྱལ་ཁབ་གཞན་གྱི་བཙན་གནོན་དང་དབང་བསྒྱུར་ལ་འགོག་རྒོལ་བྱས་པའི་ལས་འགུལ་མང་པོ་ཞིག་རྡོག་རོལ་གཏོང་ཐབས་བྱས་ཡོད་ལ། ལྷག་པར་དུ་ནུབ་ཕྱོགས་ཡར་ཐོན་རྒྱལ་ཁབ་ཀྱི་གསར་ཁང་ཆེ་གྲས་ཚོས་
རྣམ་པ་མི་འདྲ་བའི་རང་དབང་འཐབ་རྩོད་བྱེད་སྟངས་དེ་ཚོའི་སྐོར་དྲང་བདེན་མ་ཡིན་པའི་གནས་ཚུལ་བརྒྱུད་བསྒྲགས་བྱེད་བཞིན་པ་དེ་ཚོ་ཡང་ང་ཚོས་ཤེས་རྒྱུ་གལ་ཆེན་ཆགས་ཡོད། ནམ་རྒྱུན་ནུབ་ཕྱོགས་དང་རྒྱལ་ཁབ་གཞན་མང་པོ་
ཞིག་གིས་ང་ཚོ་བོད་རིགས་རྣམས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་རང་དབང་འཐབ་རྩོད་བྱེད་མཁན་ཁོ་ན་ཞིག་
དང་དཔེ་མཚོན་ཡག་ཤོས་ཤིག་ཡིན་པ་ལྟ་བུའི་ནོར་འཁྲུལ་ཅན་གྱི་ལྟ་སྟངས་དེ་ཚོ་ཤེས་པའི་ཐོག་ནས། ད་ལན་ནུབ་ཕྱོགས་
ཀྱི་རྒྱལ་ཁབ་དེ་ཚོས་འཚེ་མེད་ཞི་བདེ་ཡི་ཁ་གཡང་བསྒྲགས་ནས་གང་ཐུབ་ཐུབ་ཅིག་ཨི་སི་རིལ་གྱིས་པེ་ལིསི་ཊིན་མི་རིགས་
རྩ་མེད་བཟོ་རྒྱུའི་དྲག་གནོན་དེ་དག་ལས་གཡོལ་ཐབས་བྱེད་བཞིན་པར་ང་ཚོས་སྐྱོན་བརྗོད་དྲག་པོ་བྱེད་ཀྱི་ཡོད་ལ། དེ་དང་མཉམ་དུ་སྤྱི་ལོ་ ༢༠༡༨ ལོའི་སྤྱི་ཟླ་གསུམ་པར་པེ་ལིསི་ཊིན་མི་མང་རྣམས་འཚེ་མེད་ཞི་བའི་ཐོག་ནས་རང་ཡུལ་ལ་ཕྱིར་ལོག་པའི་མི་མང་མདུན་སྐྱོད་ཆེན་མོའི་ལས་འགུལ་ (༢༠༡༨ – ༢༠༡༩) དེའི་སྐབས། པེ་ལིསི་ཊིན་མི་མང་སྟོང་ཕྲག་
མང་པོ་ཤི་རྨས་བྱུང་བ་རྣམས་ལ་རྒྱལ་སྤྱིའི་ཚོགས་སྡེ་ངོས་ནས་ཡ་ལན་གང་ཡང་མི་སྤྲད་པའི་བྱེད་སྟངས་དེ་ཚོར་ད་ལྟ་ཡིན་ནའང་ང་ཚོས་སེམས་ནང་ཉར་ཡོད་དེ། སྐབས་དེ་དུས་པེ་ལིསི་ཊིན་མི་མང་ ༢༦༦ དམར་གསོད་བྱས་ཡོད་པ་དང་། ༣༠༣༩༨ ཙམ་ལ་རྨས་སྐྱོན་བྱུང་ཡོད་པའི་ཁོངས་ནས། ༡༦༠༢༧ ཙམ་བྱིས་པ་ཆགས་ཀྱི་ཡོད། ཨི་སི་རལ་རྒྱལ་ཁབ་ཀྱིས་འཚེ་མེད་ཞི་བའི་ལྟ་གྲུབ་ཀྱི་ཐོག་ནས་སྤེལ་བའི་ལས་འགུལ་ཕལ་ཆེ་བ་(Anti-BDS Laws)བརྒྱུད་ནས་ཁྲིམས་འགལ་ཡིན་པར་ངོས་འཛིན་གྱིས། ཧྥ་རན་སི་དང་འཇར་མ་ནི། ད་དུང་རྒྱལ་ཁབ་གཞན་མང་པོ་ཞིག་ལ་པེ་ལིསི་ཊིན་རྒྱལ་ཁབ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་ཆེད་དུ་སྤེལ་བའི་ལས་འགུལ་རྣམས་བཀག་སྡོམ་དང་དམ་དྲག་བྱས་དང་བྱེད་བཞིན་ཡོད།
རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱིས་ད་ལྟའི་ཆར་ཨ་རི་དང་ལྷན་དུ་ཨི་སི་རལ་ལ་ཆབ་སྲིད་དང་དཔལ་འབྱོར་གང་ཅིའི་ཐད་ནས་རྒྱབ་སྐྱོར་བྱེད་ཀྱིན་ཡོད་ལ། དམིགས་བསལ་རྒྱ་ནག་ནས་རྐང་པ་གཉིས་བརྩུགས་ཀྱིས་པེ་ལིསི་ཊིན་ལའང་རྒྱབ་སྐྱོར་བྱེད་ཀྱི་ཡོད་པའི་རྣམ་པ་ཞིག་སྟོན་གྱི་ཡོད་དུས། ང་ཚོས་སོ་སོ་དང་མི་རིགས་གཅིག་པའི་སྤུན་ཟླ་རྣམས་དང་ལྷག་པར་དུ་བཙན་གནོན་མྱངས་མྱོང་མེད་པའི་མི་དེ་ཚོར། དྲག་པོའི་དབང་སྒྱུར་བྱེད་མཁན་གྱི་རྒྱལ་ཁབ་ཅིག་ལ་འཐབ་རྩོད་ཀྱི་ཐོག་ནས་ཡ་ལན་ཇི་འདྲ་ཞིག་སྟེར་དགོས་མིན་སྐོར་འགྲེལ་བཤད་རྒྱག་རྒྱུར་ངོ་མ་ཁག་པོ་ཆགས་ཀྱིན་འདུག །ལྷག་པར་དུ་བཙན་གནོན་མྱོང་མཁན་གྱི་མི་མང་དེ་ཚོས་ཇི་ཙམ་ཞིག་འཚེ་མེད་ཞི་བའི་ཐོག་ནས་ལས་འགུལ་སྤེལ་ཐབས་བྱས་ནའང་། དབང་སྒྱུར་བྱེད་མཁན་དེ་ཚོས་དེ་ལས་ལྡོག་སྟེ་དྲག་པོས་འབུར་འཇོམས་བྱེད་ཀྱི་ཡོད་དུས། རྒྱལ་ཁབ་དེ་ཚོར་ཐབས་བྱུས་དང་ཡང་ན་ཐབས་ལམ་གང་འདྲ་ཞིག་གི་ཐོག་ནས་ཡ་ལན་སྤྲོད་དགོས་མིན་སྐོར་བསམ་བློ་གཏོང་རྒྱུ་དེ་ཁག་པོ་ཡིན་པ་ཤེས་མཁན་ཧ་ཅང་ཉུང་ཉུང་ཡིན།
ང་ཚོས་སོ་སོའི་རྒྱལ་ཁབ་ཀྱི་རང་ཐག་རང་གཅོད་ཀྱི་རང་དབང་སླར་གསོའི་དོན་དུ་གོང་གི་དྲི་རྟགས་དེ་ཚོ་ལ་བསམ་བློ་
གཏོང་བཞིན་ཡོད་ལ། སྐབས་འགར་ང་ཚོས་སོ་སོའི་འཐབ་རྩོད་དང་འབྲེལ་ནས་དུས་རྒྱུན་ཕན་ཚུན་བར་གླེང་སློང་བྱེད་བཞིན་པའི་དྲི་བ་སྐོར་ཞིག་ནི། ང་ཚོར་གདུབ་རྩུབ་གཏོང་མཁན་གྱི་རྒྱལ་ཁབ་དེ་ཚོར་ཡ་ལན་ཅི་འདྲ་ཞིག་སྤྲོད་དགོས་མིན་དང་དྲག་པོའི་དམག་ཐབས་བྱེད་བཞིན་པ་སྐོར་ཞིག་དགོས་དབང་གིས་འགྲིག་པ་ལྟ་བུར་ངོས་འཛིན་བྱེད་བཞིན་པ་དེ་ཚོར་ལྟ་སྟངས་གང་འདྲ་ཞིག་འཛིན་དགོས་མིན། ད་དུང་རྒྱལ་ཁབ་གཞན་ཚོས་ཁ་ཙམ་མིན་པའི་དོན་དངོས་ཀྱི་ཐོག་ནས་རྒྱབ་སྐྱོར་བྱེད་ཐུབ་མིན་སོགས་ཀྱི་སྐོར་ཡིན། ང་ཚོས་སོ་སོའི་འཐབ་རྩོད་ཀྱི་ཆེད་དུ། དུས་རྒྱུན་ཕན་ཚུན་བར་ཐབས་ལམ་ཀྱི་ཐོག་ནས་བསམ་ཚུལ་མི་མཐུན་པ་རེ་འགའ་འབྱུང་སྲིད་ཀྱང་། གནད་དོན་དེ་ཡིས་ང་ཚོའི་འཐབ་རྩོད་ཀྱི་སྤྱི་ཡོངས་ཀྱི་ནུས་པ་ལ་དོ་ཕོག་བཟོས་ཀྱི་ཡོད་པ་ལྟ་བུ་ཞིག་ལ་ངོས་འཛིན་བྱེད་ཀྱི་མེད་ལ། དེ་ལས་ལྡོག་སྟེ། ང་ཚོ་ཕན་ཚུན་བར་གྱི་བསམ་ཚུལ་མི་མཐུན་པ་དེ་ཚོ་སྟོབས་ཤུགས་ཤིག་ལ་བརྩིས་ནས་སོ་སོའི་འཐབ་རྩོད་ཀྱི་དམིགས་ཡུལ་འགྲུབ་ཐབས་འབད་བརྩོན་བྱེད་བཞིན་ཡོད།
དེར་བརྟེན་ང་ཚོ་དང་མི་རིགས་གཅིག་པའི་སྤུན་ཟླ་རྣམས་ནས་ཀྱང་པེ་ལིསི་ཊིན་མི་མང་དང་གདུང་སེམས་མཉམ་
བསྐྱེད་ཀྱིས། ཁོ་ཚོའི་བདེ་སྡུག་ལ་དོན་དངོས་ཀྱི་རྒྱབ་སྐྱོར་དང་སེམས་འཁུར་ཙམ་ཡང་མེད་པའི་རྒྱལ་སྤྱིའི་ཆབ་སྲིད་
ཀྱི་ཁ་གཡང་ཀློང་དུ་མི་ཚུད་པར། བཙན་གནོན་དང་དབང་སྒྱུར་ལ་འཐབ་འཛིང་བྱེད་མཁན་གྱི་འཛམ་གླིང་གི་མི་
མང་ཚང་མའི་མངོན་འདོད་མཚོན་ཐུབ་པའི་ཁོད་ཡངས་པའི་ཆབ་སྲིད་ཀྱི་ལམ་བུ་ཞིག་ལ་བསྙེག་རྒྱུར་འབོད་སྐུལ་ཞུ་གི་
ཡོད་ལ། དམིགས་བསལ་རྒྱ་ནག་གིས་འཕྲུལ་རིག་དང་ཚོང་འབྲེལ་མ་འཛུགས་སོགས་ཀྱི་ཐོག་ནས་ཨི་སི་རལ་རྒྱལ་ཁབ་
དང་མཉམ་འབྲེལ་བྱེད་ཀྱི་ཡོད་པ་དེ་ཚོ་ཤེས་པར་བྱས་ནས་པེ་ལིསི་ཊིན་གྱི་ “མཚམས་འཇོག་དང་མ་འཛུགས་ཕྱིར་འཐེན། ཉེས་ཆད།” (BDS Movement) ཀྱི་ལས་འགུལ་ཆེན་མོར་རྒྱབ་སྐྱོར་དང་། ཨི་སི་རལ་གྱི་མི་རིགས་དབྱེ་དབྱེད་ཀྱི་སྲིད་
གཞུང་འདི་གསོན་གནས་ཐུབ་ཐབས་ལ་རོགས་འདེགས་བྱེད་མཁན་གྱི་རྒྱ་ནག་དང་རྒྱལ་ཁབ་གཞན་སོགས་ཀྱི་ཚོང་འབྲེལ་གྱི་བརྒྱུད་ལམ་དེ་ཚོ་བཀག་སྡོམ་བྱ་རྒྱུ་གལ་ཆེན་པོ་ཆགས་ཀྱི་ཡོད།
འབྱོར་ལྡན་གཙང་པོ་ (Jordan River) ནས་མེ་ཊི་ཀྲེ་རིའི་ནན་མཚོ་ (Mediterranean Sea) བར། པེ་ལིསི་ཊིན་མི་མང་ལ་རང་དབང་དགོས།
“པེ་ལིསི་ཊིན་མི་མང་ལ་རང་དབང་མ་ཐོབ་བར། ཤར་ཏི་མུར་དང་སུ་ཌན། ད་དུང་འཛམ་གླིང་གི་ས་ཕྱོགས་གང་སར་
ཡོད་པའི་རྒྱལ་ཁབ་དེ་ཚོའི་དཀའ་རྙོག་མ་སེལ་བར། ང་ཚོར་རང་དབང་ཆ་ཚང་ཞིག་ཐོབ་མེད་པ་ནི། ང་ཚོ་ཚང་མས་
གསལ་པོ་ཤེས་ཀྱི་ཡོད།”
ལྷོ་ཨ་ཕི་རི་ཀའི་སྲིད་འཛིན་དང་པོ་ནེལ་སོན་མན་ཊི་ལ་མཆོག་གིས་པེ་ལིསི་ཊིན་མི་མང་དང་
གདུང་སེམས་མཉམ་བསྐྱེད་ཀྱི་ཉིན་མོར་གཏམ་བཤད་གནང་བའི་ཚན་བཤུས།